您的位置:首页 > 神奇刚察
ལྕི་བ་དང་རིལ་མ།
刚察县人民政府:http://www.qhgc.gov.cn    来源:新闻中心    创建时间:2017/11/20 15:06:06    


ད་ལྟ་ཕྱིར་འདང་རེ་བརྒྱབ་ན་ལོ་ཟླ་ག་ཚོད་འདས་པ་མི་ཤེས་མོད།  ལོ་དེར་ཆར་ཆུ་མོད་པས་རུ་བ་དབྱར་སར་སྤར་ནས་ཅུང་མ་འགོར་པར་ངེད་ཚང་ལ་འབུད་ཆད་བྱུང་།  ཨ་ཕྱི་དང་ངེད་གཉིས་ཁྱིམ་ཚང་གཞན་ཞིག་ལ་ཨོང་བ་སྒྱེ་གང་སློང་དུ་སོང་། ཕྱིར་འགྲོ་བའི་ལམ་བར་ནས་ཨ་ཕྱིའི་ཨོང་བ་སྒྱེ་གང་ཁུར་ནས་ལུས་ཡོངས་དངུལ་ཆུའི་བརླན་པར་གྱུར་ཏེད་སྐབས་ཀྱི་འབུད་རྒྱུཨོང་བནི་གསེར་དང་འདྲ། འདི་མེད་ན་ཐབ་ཀྱི་ཆུ་མི་ཁོལཟེར་བཞིན་ཨ་ཕྱིའི་གདོང་གི་རྔུལ་ཆུ་ཡང་ཡང་འབྱིད་བཞིན་མུ་མཐུད་དུ་ལམ་ལ་ཆས།

ཨ་ཕྱིར་དུས་རྒྱུན་ལྕི་འཕུད་ཐང་ལས་བྱེད་རྒྱུར་སྤྲོ་བ་ཡོད་པས་མི་ཚད་ཁྱིམ་ཚང་གཞན་པ་དག་གི་ཨོང་སྤོང་ཅ་དག་བྱས་ཡོད་པ་ལ་ཡིད་སྨོན་བྱེད་བཞིན་ཡོད་ལ།  དེ་ལས་ཀྱང་དགུན་ཁའི་རིལ་མ་ནག་ཤེད་མ་དང་དབྱར་ཁའི་ཨོང་བ་སྐྱ་ལྡང་མ། དགུན་ཁའི་ཨོང་བ་དམར་བསིལ་མ་དག་གི་ཨོང་སྤོང་རྒྱག་པར་དེ་བས་ཀྱང་སྤྲོ་བ་ཡོད།   ཨ་ཕྱིའི་བཤད་པ་ལྟར་ན་རིལ་མ་ནག་ཤེད་མ་ལ་མེ་ཤེད་ཆེ་བ་དང་དགུན་ཁའི་ཨོང་བ་དམར་བསིལ་མའི་ནང་དུ་འབུ་མེད་པས་འབུད་རྒྱུ་བྱས་ན་སྡིག་པ་མེད་ལ།  དབྱར་ཁའི་ཨོང་བ་སྐྱ་ལྡང་མའི་ནང་དུ་འབུ་ཡོད་མོད། དགུན་གྱི་དུས་སུ་འབུ་དེ་དག་ཤི་ཚར་བས་འབུད་རྒྱུ་བྱས་ན་ཧ་ཅང་འབར་སླ་བའི་ཨོང་བའི་རིགས་ཡིན་ཟེར།  ཉིན་ཞིག་ཨ་ཕྱི་དང་ངེད་གཉིས་ཀྱིས་ནོར་ལུག་དེད་ནས་སྡེ་བ་གཞན་པའི་སྟོན་སར་སོང་པ་ན། གནས་དེ་རུ་ཨོང་སྤུངས་ཟླུམ་པོ་དང་འཇོང་བོ་དག་གི་ཐོག་ལ་གཡང་དྲུང་དང་དཔལ་བེའུ་སོགས་ཀྱི་མཛེས་རྒྱན་དོད་པ་མཐོང་པས།  ཨ་ཕྱིས་ཨོང་སྤུངས་ཅ་དག་དེ་དག་ལ་ཡང་ཡང་ལྟ་བཞིན་བཤད་རྒྱུརཅི་འདྲིའི་ཡག་པ་ལའང་།  ངས་ཀྱང་རྗེས་ཕྱོགས་འདི་འདྲ་ལས་ཤེས་མིན་ལ་ཚོད་ལྟ་བྱེད་ན་འདོདཟེར།



ལོ་ཞིག་གི་སྟོན་ཁར། རུ་བ་སྟོན་སར་སྤར་པས་ཨ་ཕྱི་དང་ངེད་གཉིས་རུ་སྔུན་ལ་སོང་པ་ཡིན། མཚན་མོ་དེར་ང་ལ་མཁྲིས་ནད་བྱུང་ནས་ན་ཟུག་དྲག་པོ་བསླངས།  ཨ་ཕྱི་འཚུབ་ཆ་ལངས་ཏེ་ཅི་བྱ་གཏོད་མེད་དུ་གྱུར།  མཐར་ཁོ་མོས་ལོ་ལོན་ཚོའི་ངག་རྒྱུན་བྱེད་ཐབས་སུ་སྤྱད་དེ་ཐབ་ཁུང་ལས་རིལ་ཐལ་དཀར་པོ་འགའ་བླངས་ནས་ཡང་དང་བསྐྱར་དུ་འཁྲབས་མ་བརྒྱབ་རྗེས་ཧ་ཅང་བྱམས་བརྩེའི་ངངཨ་མའི་ལོ་ལོ། ཐལ་བ་འདི་ཁེམ་བུ་གསུམ་འཐུང་དང་།  སང་ཉིན་ཁྱོད་ཀྱི་མཁྲིས་ནད་སོས་པར་འགྱུར་ངེསཞེས་སྨྲས།  ངས་ཐལ་བ་དེ་འཐུང་མ་འདོད་པར་ཨ་ཕྱི་ལ་འཁང་ར་བྱས་ཀྱང་ཨ་ཕྱིའི་ང་ལ་རྩེད་ཆས་ཉོ་རྒྱུ་ཡིན་ཚུལ་དང་ལྭ་བ་ཡག་པོ་ཉོ་རྒྱུ་ཡིན་ཚུལ་སོགས་བཤད་ནས་ཐལ་བ་དེ་མི་འཐུང་ག་མེད་བྱུང་།  ཕྱི་ཉིན་ངའི་མཁྲིས་ནད་དེ་གར་སོང་ཆ་མེད་དུ་གྱུར་ཡོད་ལ། དུས་དེ་ནས་བཟུང་ང་ལ་རིལ་མའི་ཐལ་བ་ཞེས་སུས་ཀྱང་སྣང་མེད་དུ་འཇོག་པའི་དངོས་པོ་དེ་ལ་མཚར་སྣང་ཆེན་པོ་སྐྱེས།

དེའི་རྗེས་ཀྱི་ལོ་ཟླའི་ནང་དུ་ང་རང་འབྲོག་པའི་འཚོ་བ་དང་ཁ་གྱེས་ནས་སློབ་གྲྭར་འགྲོ་དགོས་བྱུང་།  དེ་བཞིན་དུ་སུས་ཀྱང་དོ་སྣང་མི་བྱེད་པའི་ཨོང་བ་དང་རིལ་མ་ལ་ཡོད་པའི་མཚར་འཛིན་དེ་ཡང་ངའི་དྲན་པའི་ངོས་ནས་རབ་རིབ་མག་མོག་དུ་གྱུར་སོང་།  ཉིན་འདི་གའི་སྔོན་ལ་རྫོང་མཁར་དང་ཁད་ཀྱིས་གྱེས་པའི་རྒྱང་རིང་གི་རི་གྲོང་ན་གནས་བཅོས་ཡོད་པའི་ཨ་ཁུ་ལ་འཚམས་འདྲི་བྱེད་པར་སོང་པ་ན།  ཟླ་བདུན་པའི་འབྲོག་པའི་རྩྭ་ཐང་ལ་བཀྲམས་པའི་ནོར་ལུག་ནི་གོས་ལྗང་སྟེང་ལ་མུ་ཏིག་དཀར་ནག་འཐོར་བ་ཇི་བཞིན་རི་མོ་བ་དག་གིས་སྨྱུག་རྩེ་ལས་ཀྱང་འཁྲུངས་དཀའ་བའི་ཡུལ་ལྗོངས་ཤིག་ཏུ་སེམས།   ཨ་ཁུ་ཚང་ནི་ད་ལྟ་ད་དུང་ཡང་འབྲོག་པའི་སྲོལ་རྒྱུན་མ་ཉམས་པའི་སྦྲ་ནག་ནང་དུ་ཐབ་ཀ་བཙུགས་ཡོད་པ་དང་།  སྦྲའི་ནང་ད་དུང་འཐགས་བཟང་བའི་སྒྱེ་མོ་དང་ཀོ་ཐུམ་བརྒྱབ་པའི་ཤིང་སྒམ་ཡང་བརྩིགས་ཡོད།  ཨ་ཁུས་ང་རང་ཡོང་བ་ཤེས་ནས་ཧ་ཅང་དགའ་སྤྲོའི་ངང་ངའི་སྔུན་ལ་རྒྱུགས་ཡོང་ནས་སྐེ་འཇུ་ཡང་བྱས་པས་ང་རང་ཅུང་དོགས་མི་བདེ་བར་གྱུར་མོད།  དེ་མ་ཐག་སེམས་སུ་རང་ཉིད་ནས་མི་རིགས་ཀྱི་སྲོལ་རྒྱུན་ཡག་པོ་དག་བོར་ཚར་བའི་ངོས་ཟིན་དང་ངོ་ཚ་ལྷན་དུ་སྐྱེས།



   ང་རང་ཁྱིམ་དུ་འཛུལ་མ་ཐག་ཨ་ཁུའི་བུ་མོས་ལག་པ་ཉིས་ལག་བྱས་ནས་ངའི་ལག་དུ་འོ་ཇ་དཀར་ཡོལ་བཀང་བཞག་རྗེས་སྦྲའི་ཁ་ཚུབ་ཀྱི་ཀ་རའི་ཐོག་བཏགས་ཡོད་པའི་ཨོང་བའི་དུ་བ་ཕོག་ནས་ནག་པོར་གྱུར་བའི་ཤ་དེ་བཙོ་རྩིས་བྱེད་བཞིན་ཡོད།  ངས་ཤ་དེ་ཟ་འདོད་མ་སྐྱེས་པརབཙོ་མི་དགོསཞེས་ཡང་དང་ཡང་དུ་བཤད་ཀྱང་། ཨ་ཁུའི་གདོང་ལ་འཛུམ་མདངས་དང་བཅས་ང་སར་འཁོར་ནསབོད་མགོ་ནག་རྟེན་ས་ཕྱུགས་རིགས་ཞེས་པ་ལྟར་བོད་པའི་བུ་ཞིག་ཡིན་ན་ཤ་མི་ཟ་ཟེར་སྲོལ་གང་ན་ཡོད།  ཡང་གཅིག་བཤད་ན་ཤ་འདིའི་མདོག་མི་ལེགས་མོད།  འདི་ལ་གཞན་དང་མི་མཚུངས་པའི་བྲོ་བ་ཡོད་ལ་ཧ་ཅང་གཙང་མ་ཡིནཟེར།  ཨ་ཁུའི་བདག་གི་སེམས་དོན་རྟོགས་པར་ང་རང་ངོ་གནོང་ནས་ཅི་ཞིག་བཤད་དགོས་པའང་མི་ཤེས་པར་གྱུར།
    ཤ་དེའི་བྲོ་བ་ནི་མཁར་གྲོང་ནས་བཙོས་པའི་ཤའི་བྲོ་བ་དང་བསྡུར་ན་ཧ་ཅང་ཞིམ་པོ་འདུག་པས་མི་ཚད།  ད་རག་བར་དུ་ཤ་འདི་འདྲ་ཞིག་ཟས་མ་མྱོང་བ་འདྲ། དེའི་རྒྱུ་མཚན་ཨ་ཁུར་དྲིས་པ་ན་ཁོས་བཤད་རྒྱུརཨོང་བ་ནི་འབྲོག་པར་མཚོན་ན་མེད་དུ་མི་རུང་བའི་འཚོ་བའི་རྒྱུ་ཆ་གལ་ཆེན་ཞིག་ཡིན།   ཡིན་ཡང་དེང་སྐབས་ཀྱི་མི་དག་གིས་ཨོང་བའི་བཟང་ཆ་མི་ཤེས་པར་མ་ཟད།  ཧ་ཅང་བཙོག་པོ་རེད་བསམ་གྱིན་ཡོད་མོད།  དོན་དངོས་ཐོག་ཨོང་བ་ལས་གཙང་པ་ཞིག་གང་ན་ཡོད།  དེ་རིང་གི་ཤ་འདིའི་བྲོ་བ་གཞན་དང་མི་མཚུངས་པའང་ཨོང་བའི་བཙོས་པའི་རྐྱེན་ཡིན་ལ་ད་དུང་ཨོང་བའི་དུ་བ་བརྒྱབ་པའི་རྐྱེན་ཡང་རེདཟེར།  དེ་མ་ཐག་ཨ་ཁུའི་ལག་མགོའི་ཕྲེང་བ་བཟུང་ནས་མུ་མཐུད་དུ་མ་ཎི་འདོན་བཞིན་བསྡད།  ངས་ཀྱང་ཨོང་བའི་དགེ་མཚན་དེ་མུ་མཐུད་ཤེས་འདོད་མོད་ཨ་ཁུའི་མ་ཎི་འདོན་མཚམས་གཅོད་མ་ཕོད།



ནུབ་ཚལ་འཐུང་རྗེས།  ཨ་ཁུས་ངའི་སེམས་གཏོགས་པ་ལྟར་ཨོང་བའི་དགེ་མཚན་དག་ང་ལ་གསལ་བོར་བརྗོད་བྱུང་།   ང་ནི་གནའ་མི་ཞིག་ཡིན།  སྤྱིར་བཤད་ན་འཇིག་རྟེན་རྙིང་བའི་དཔེ་སྲོལ་རེ་གཉིས་ལས་སྤྱི་ཚོགས་གསར་བའི་ལུགས་སྲོལ་གསར་བ་ནི་ང་ལ་མཚོན་ན་ཆ་མེད་རྒྱུས་མེད་ཡིན།  ཡིན་ཡང་དེང་སྐབས་ཚན་རིག་ལག་རྩལ་དར་བའི་དབང་གིས་བརྙན་འཕྲིན་ལས་ཀྱང་ཕྱི་རོལ་གྲོང་ཁྱེར་གྱི་གནས་ཚུལ་རེ་གཉིས་ཤེས་ཐུབ་ཀྱིན་ཡོད།  བཤད་པ་ལྟར་ན་རྡོ་སོལ་མེ་ལ་བུས་ན་མཁའ་དབུགས་ལ་བཙོག་སྐྱོན་ཡོད་ཟེར།  འདིའི་རྒྱུ་མཚན་ཅི་ཞིག་ཡིན་པ་ང་ལ་བཤད་རྒྱུ་མེད་མོད།  ང་ཚོ་འབྲོག་ཕྱོགས་ཀྱི་ཨོང་བར་མཚོན་ན་དེ་འདྲིའི་གནས་ཚུལ་མེད་པར་མ་ཟད་ད་དུང་དེ་ལ་དུག་སེལ་གྱི་ནུས་པ་ཡོད་པ་ཡིན།   དཔེར་ན་འབྲོག་པའི་སྦྲ་ནག་གི་ཁ་ཚབ་ཁར་བཏགས་པའི་ཤ་ལ་དུ་བ་བརྒྱབ་ན་སྦྲང་ནག་མི་འཁོར་བའི་མི་ཚད་ད་དུང་ཤ་དེ་མི་རུལ་བའི་དུག་སེལ་གྱིས་ནུས་པ་ཆེན་པོ་ཡོད།  སྦྲ་ནག་གི་ངོས་སུ་དུས་ཡུན་རིང་པོར་དུ་བ་བརྒྱབ་ན་ཐིགས་ཆུ་འགོག་པའི་ནུས་པའང་ཡོད།  འཇིག་རྟེན་རྙིང་བའི་དུས་སུ་ཐབ་ཁུང་ལ་ཨོང་བ་དེད་ན་དེའི་མེ་འོད་ཀྱིས་སྒྲོན་མེ་ཡི་ཚབ་བྱེད་ཐུབ་ལ་མེ་ཤུགས་ཀྱིས་ཇ་སྐོལ་གཡོས་སྦྱོར་བྱེད་ཐུབ་པ་དང་།  མེ་འོད་དེ་ད་ལྟའི་གློག་སྒྲོན་ཇི་བཞིན་མིག་ཟུང་ལ་ཟུག་གཟེར་མི་སློང་བར་མ་ཟད་ད་དུང་མིག་ལ་སྲུང་སྐྱོབས་ཀྱི་ནུས་པ་ཡོད།  གྲོང་ཁྱེར་གྱི་བྱིས་པ་རེ་གཉིས་ལོ་ན་ཤིན་ཏུ་ཆུང་ཡང་མིག་ཤེལ་ཏུའུ་གྲངས་མཐོན་པོ་ཅན་གྱོན་ཡོད་པ་ནི་འོད་ཆེ་བའི་གློག་ཆས་རིགས་བཀོལ་སྤྱོད་བྱེད་པ་ཚད་ལས་བརྒལ་བ་རེདཟེར།  དེ་དུས་ངས་ཀྱང་ཁོའི་ཁ་ཏའི་མཇུག་མཐུད་པའི་ཆེད་དུ་དང་ཐོག་ཨ་ཕྱི་ལགས་འཇིག་རྟེན་འདིར་འཚོ་དུས་བདག་ལ་མཁྲིས་ནད་བྱུང་ནས་ཐལ་བ་འཐུང་དུ་བཅུག་ནས་མཁྲིས་ནད་སོས་པའི་རྒྱུ་མཚན་བཤད་པ་ན་ཨ་ཁུ་སླར་ཡང་མལ་ས་ལས་མགོ་བོ་ཡར་ལ་བཀྱགས་ནས་མུ་མཐུད་དུ་བཤད་རྒྱུར་ཨོང་བའི་ཐལ་བར་རླན་འཇོམས་དང་སྣུམ་འཇོམས་ཀྱི་ནུས་པ་ཆེན་པོ་ཡོད།  གསར་དུ་སྐྱེས་པའི་བྱིས་པའི་ཐེར་ཁུག་ལ་ཨོང་བའི་ཐལ་བ་བཞག་ན་རླན་འཇོམས་པའི་ནུས་པ་ཡོད།  ད་དུང་བྱིས་པ་དེའི་འཛོང་ཁུག་ལ་ཐལ་བ་བཞག་ན་བྱིས་པ་གཟུགས་ཆེ་རུ་སྐྱེ་བའི་ནུས་པ་ཡང་ཡོད་ཟེར་མོད་གནས་ཚུལ་འདིར་ད་ལྟ་ད་དུང་ཡང་རྒྱུ་མཚན་གསལ་བོ་ཞིག་བཤད་རྒྱུ་མི་འདུག  ཡིན་ཡང་བྱིས་པར་གཟུགས་སྐྱེ་བའི་ནུས་པ་ཡོད་པ་མིག་མཐོང་ལག་ཟིན་རེད་ཟེར།  གཞན་ཡང་དེང་སང་སླ་ང་དང་བ་མ་སོགས་བཀྲུ་བྱེད་ཀྱི་འདེགས་རྫས་ཉོ་རྒྱུ་ཡོད་མོད།  འཇིག་རྟེན་རྙིང་བར་མཚོན་ན་འདི་དག་ནི་ཡོད་པ་མ་རེད།  དེ་དུས་སླ་ང་དང་བ་མའི་ནང་དུ་ཐལ་བ་བཏབ་རྗེས་དེའི་ནང་དུ་ཆུ་ཁོལ་བླུགས་ནས་བཀྲུས་ན་ཧ་ཅང་གཙང་མར་བཀྲུ་ཐུབ།  སྤྱིར་ཨོང་བའི་ཐལ་བ་ལ་སྣུམ་འཇོམས་པའི་ནུས་པ་ཤིན་ཏུ་ཆེ།  དེ་བས་ཐལ་བ་འཐུང་ན་མཁྲིས་ནད་སེལ་བའི་ནུས་པ་ཡོད་པ་ཡང་རྒྱུ་མཚན་འདི་ལ་རག་ཡོད།  གནའ་བོའི་དུས་སུ་དེང་སང་ཇི་བཞིན་ས་རྐོ་རྡོ་སློག་མི་བྱེད་པར་དགུན་དུས་ལུག་དང་ནོར་ལ་ལྕི་བའི་ར་བ་རྒྱག་པར་བྱེད།  དབྱར་དུས་ཨོང་བ་དེ་དག་སྐམ་རྗེས་མེ་ལ་བུས་ན་ད་གཟོད་གནས་དེར་ཁྱིམ་ཚང་ཞིག་བསྡད་མྱོང་བའི་ཤུལ་ཙམ་ཡང་མེད་པར་ས་ཆུ་ལ་གནོད་པ་ཅུང་ཙམ་ཡང་བཟོ་མི་སྲིད།  ཐ་ན་བུད་མེད་སྦྲུམ་མ་ལ་བྱིས་པ་བཙའ་དུས་ཀྱང་འོག་ཏུ་རས་ལུད་འཇོག་པ་ཡིན།  དེ་ནི་རས་ལུད་དེར་ངོ་བོའི་ཆ་ནས་བཤད་ན་སྐྱུར་བའི་རྣམ་པ་ཡིན་པས་དྲོད་ཀྱི་རང་བཞིན་ལྡན།  དེའི་སྟབས་ཀྱིས་བུད་མེད་དེར་རྗེས་ཕྱོགས་རླུང་འཚུབ་ཀྱི་ནད་སོགས་མི་འབྱུང་བའི་བཤད་སྲོལ་ཡོདཟེར།

ཨ་ཁུའི་སྐད་ཆ་དེ་དག་ལ་ཉན་རྗེས་ང་རང་འདང་རྒྱག་གི་ཀློང་དུ་ཚུད་པར་གྱུར།  འུ་ཅག་གི་མེས་པོ་ཚོས་ཨོང་བ་དང་རིལ་མ་ཙམ་ལའང་འདི་འདྲིའི་སྤྱོད་སྒོ་མང་པོ་བཙལ་ཡོད་མོད།  འུ་ཅག་རྗེས་རབས་པ་ཚོས་ནམ་ཞིག་བཟོ་ལས་ཀྱི་ཕྱོགས་ལ་སྤྱོད་ཐུབ་པ་ཡིན……

རྩོམ་སྒྲིག་པ། བཀྲ་ཤིས་དོན་འགྲུབ།

 


相 关 链 接
ལྕི་བ་དང་རིལ་མ།2017/11/20
གདོང་དམར་བོད་ཀྱི་ཟས་...2017/11/20
མདོ་ཁམས་ཡུལ་གྱི་རྡུང...2017/11/9